Thursday, November 9, 2017

རྒྱལ་ཚོགས་སུ་བོད་དོན་ཞུ་གཏུག་གི་ལས་འགུལ་ཐེངས་༧༡ སྤེལ་ཡོད་འདུག

ཕྱི་ལོ ༢༠༡༧ ཟླ ༡༡ ཚེས ༨ ཇི་ནེ་ཝ་རྒྱལ་ཚོགས་སུ་བོད་དོན་ཞུ་གཏུག་གི་ལས་འགུལ་ཐེངས་༧༡ པ་སྤེལ་འདུག་པ་དང་། ཡུ་རོབ་སྤྱི་ཟུར་སྐུ་ངོ་གསང་གླིང་ཚེ་རིང་རྡོ་རྗེ་མཆོག་ལོ་ལྟར་ཐེངས་རེ་མཉམ་ཞུགས་གནང་པ་ལྟར་ད་རེས་ཀྱང་མཉམ་ཞུགས་གནང་སྟེ་ལས་འགུལ་སྤེལ་ཡོད་འདུགདེ་རིང་ཕྱི་ཚེས་༨་ཉིན་སུད་སི་ཇི་ནི་ཝ་མཉམ་འབྲེལ་རྒྱལ་ཚོགས་མདུན་ཐང་དུ་ཁྱིམ་ཚང་བདུན་གྱིས་རྒྱལ་ཚོགས་ལ་བོད་དོན་ཞུ་གཏུགས་དང་བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་ལས་འགུལ་ཐེངས་༧༡ སྤེལ་ཡོད་པ་དང་། 
 ཐེངས་འདིའི་ལས་འགུལ་ནང་ ཡུ་རོབ་སྤྱི་ཟུར་སྐུ་ངོ་གསང་གླིང་ཚེ་རིང་རྡོ་རྗེ་མཆོག་ལོ་ལྟར་ཐེངས་རེ་མཉམ་ཞུགས་གནང་པ་ལྟར་ད་རེས་ཀྱང་མཉམ་ཞུགས་གནང་འདུག་ཅིང་། སུད་སི་ཇི་ནི་ཝ་ས་གནས་འཐུས་མི་སྒྲོལ་དཀར་འཚོ་སྐྱིད་ནང་མིས་ངོས་ནས་ལས་འགུལ་བ་རྣམས་ལ་ཉིན་གུང་གི་ཞལ་ལག་གོ་སྒྲིག་གནང་བ་མ་ཟད། ལས་འགུལ་ནང་མཉམ་ཞུགས་གནང་སྟེ་གདུང་སེམས་མཉམ་སྐྱེད་གནང་ཡོད་འདུག 

ལས་འགུལ་བ་རྣམས་ཀྱིས་དེ་རིང་གི་ལས་འགུལ་སྐོར་ངོ་སྤྲོད་གནང་དོན། དེ་རིང་གནམ་གཤིས་ཧ་ཅང་གྲང་ཡང་ལས་འགུལ་བ་རྣམས་ཀྱིས་མུ་མཐུད་ལས་འགུལ་སྤེལ་ཡོད་ལ། ལས་འགུལ་སྐབས་རྒྱ་ནག་དང་ཁོ་རི་ཡ་ནས་ཕེབས་པའི་ཡུལ་སྐོར་སྤྲོ་འཆམས་པ་མང་པོས་དོ་སྣང་གནང་བྱུང་བ་མ་ཟད། བོད་དོན་འགྲེལ་བརྗོད་གྱི་ཡིག་ཆ་གྲངས་༤༠༠ལྷག་འགྲེམ་སྤེལ་ཞུ་ཐུབ་ཡོད། ཅེས་སོགས་གསུངས་སོང་། 
ཁྱིམ་ཚང་བདུན་གྱི་བོད་དོན་ཞུ་འབོད་དམ་བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་ལས་འགུལ་འདི་ནི་ཕྱི་ལོ ༢༠༡༢ ཟླ ༡༢ ཚེས ༡༠ ནས་ཇི་ནེ་ཝ་རྒྱལ་ཚོགས་མདུན་དུ་སུད་སི་གནས་སྡོད་ཁྱིམ་ཚང་གཉིས་ཀྱི་འགོ་འཛུགས་གནང་བ་དང་


ཕྱི་ལོ ༢༠༡༤དང་༢༠༡༥ལོར་རིམ་བཞིན་ཁྱིམ་ཚང་གསུམ་དང་ཁྱིམ་ཚང་བཞི་ཡིས་ཟླ་རེའི་གཟའ་ལྷག་པ་དང་བོ་ནམ་ཡིན་ལ་ལས་འགུལ་སྤེལ་ཅིང་།ཕྱི་ལོ ༢༠༡༦ ཟླ ༡ ཚེས ༡༣ ནས་བཟུང་ཁྱིམ་ཚང་དྲུག་གི་ལས་འགུལ་དུ་གྱུར་ཞིང་། ༢༠༡༧ ལོའི་ཟླ་༧ ཚེས་༡༢ ཉིན་ཚེ་རིང་རྒྱལ་བོ་ལགས་ཀྱི་ནང་མི་མཉམ་ཞུགས་གནང་བ་ནས་ཁྱིམ་བདུན་གྱི་ལས་འགུལ་མུ་མཐུད་སྤེལ་བཞིན་པ་དང་། ཟླ་རེའི་གཟའ་ལྷག་པ་གཉིས་པ་ནམ་ཡིན་ལ་མཉམ་འབྲེལ་རྒྱལ་ཚོགས་གཙོས་པའི་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་། གྲོས་འཐུས།ཚོགས་སྡེ་དང་མི་སྒེར་བཅས་འཛམ་གླིང་མི་མང་ལ། བོད་ནང་གི་བོད་མིའི་མངོན་འདོད་དང་། རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་འབོད་སྒྲ་དང་ཞལ་ཆེམས་དོན་ཚན་ཁག་ཞུ་གཏུག་བྱེད་ཀྱིན་ཡོད་འདུག
གསར་འགོད་པ། ཙ་ཡུས་ཕུན་ཚོགས།  

No comments:

Post a Comment