Monday, January 16, 2017

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུ་འཛིན་གསར་བར་ཞུ་གཏུག

དེ་རིང་ཕྱི་ཚེས་༡༡ ཉིན་སུད་སི་ཇི་ནི་ཝ་མཉམ་འབྲེལ་རྒྱལ་ཚོགས་མདུན་ཐང་དུ་ཁྱིམ་ཚང་དྲུག་གིས་རྒྱལ་ཚོགས་ལ་ཞུ་གཏུགས་དང་བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་ལས་འགུལ་ཐེངས་༦༡ སྤེལ་ཡོད་པ་དང་། ཐེངས་འདིའི་ལས་འགུལ་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུ་འཛིན་གསར་པ་ཇོར་ཌན་གྱི་རྒྱལ་སྲས་(ZeidRa’ad al-Hussein)ཛ་ཨིད་རཱད་ཨལ་ཧུ་སེན་ལགས་སུ་དགོས་འདུན་དོན་ཚན་དགུ་ཅན་གྱི་བོད་དོན་ཞུ་འབོད་སྙན་ཞུ་ཞིག་ཕུལ་ཡོད་པ་དང་། གཞན་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་ཁག་ལའང་དེ་བཞིན་གྱི་ཞུ་འབོད་ཕུལ་ཡོད་འདུག


གོང་ཚེས་ཉིན་སུད་སི་གནས་སྡོད་ཁྱིམ་ཚང་དྲུག་གིས་སུད་སི་ཇི་ནི་ཝ་མཉམ་འབྲེལ་རྒྱལ་ཚོགས་མདུན་དུ་དགུན་ཟླའི་གྲང་ངར་དང་ཁ་བ་ཤུགས་ཆེན་འབབ་གྱིན་པའི་གནམ་གཤིས་ལ་མ་འཛེམས་པར་རྒྱལ་ཚོགས་ལ་ཞུ་འབོད་དང་བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་ལས་འགུལ་ཐེངས་༦༡ པ་སྤེལ་ཡོད་པ་དང་། རྒྱལ་ཚོགས་མདུན་ནས་ཕྱི་རྒྱལ་བ་དང་རྒྱ་ནག་ཡུལ་སྐོར་སྤྲོ་འཆམ་པ་བཅས་ལ་བོད་ཀྱི་བདེན་དོན་ངོ་སྤྲོད་ཀྱི་ཡིག་ཆ་འགྲེམ་སྤེལ་གནང་ཞིང་། དམིགས་བསལ་རྒྱལ་ཚོགས་ཀྱི་དབུ་འཛིན་གསར་པ་དང་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་བཅས་ལ་ཞུ་འབོད་དགོས་འདུན་དོན་ཚན་དགུ་ཅན་གྱི་སྙན་ཞུ་སོགས་ཕུལ་ཡོད་འདུག་ལ། དགོས་འདུན་དོན་ཚན་དགུ་ནི། ༡༽  ཕྱི་ལོ་ ༡༩༥༩ དང་། ༡༩༦༡། ༡༩༦༥ སོ་སོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་དོན་ཐོག་བཞག་པའི་གྲོས་ཆོད་ཁག་སླར་ཡང་མཉམ་འབྲེལ་རྒྱལ་ཚོགས་ནས་གླེང་སློང་དང་ལག་བསྟར་མཇུག་གནོན་གནང་གལ།༢༽ འདས་ཟིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ས་ཡ་གཅིག་དང་འབུམ་གཉིས་ལྷག་གིས་བོད་མི་རིགས་ལ་ཤུལ་དུ་བཞག་པའི་ལོ་རྒྱུས་དང། རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་འབོད་སྒྲ་དང་ཞལ་ཆེམས། དེ་བཞིན་གཞིས་ལུས་རྒྱ་ཆེའི་མི་མང་གི་གལ་གནད་ཆེ་བའི་སེམས་ཀྱི་མངོན་འདོད་ལྟར། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གང་མགྱོགས་བོད་དུ་ཕེབས་རྒྱུར་མཐུན་འགྱུར་གནང་ཐབས།༣༽ བོད་ཡུལ་འདི་སྔར་བཞིན་རང་དབང་ལྡན་པའི་ཞི་བདེ་བག་ཕེབས་ཀྱི་ཡུལ་ཞིག་ཏུ་བསྐྲུན་རྒྱུ།༤༽ ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་§གཙོས་བོད་ནང་གི་ཆབ་སྲིད་བཙོན་པ་ཡོངས་རྫོགས་ཆ་རྐྱེན་གང་ཡང་མེད་པར་གློད་ཐབས།༥༽ རྒྱ་ནག་གི་དབང་འཛིན་པ་ཚོས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེཁོང་ལ་ནག་མེད་ཉེས་འགེལ་བྱས་ཏེ་ལོ་ངོ ༡༣ རིང་བཙོན་འཇུག་བྱས་ནས་ཚེ་བཙོན་གྱི་ཁྲིམས་ཆད་སྒྲུབ་བཞིན་པའི་སྐབས།ཕྱི་ལོ ༢༠༡༥ ཟླ ༧ ཚེས ༡༢ ཉིན་། གསལ་ཁ་མེད་པའི་ལོ་རྒྱུས་ཀྱི་གནས་བབ་འོག་འདས་གྲོངས་སུ་གྱུར་བའི་ཐད།  རང་དབང་གིས་ཞིབ་འཇུག་བྱས་པའི་གྲུབ་དོན་མང་ཚོགས་ལ་ཡོངས་ཁྱབ་གསལ་བསྒྲགས་གནང་ཐབས།དེ་བཞིན་རྒྱ་ནག་གཞུང་གིས་ཆབ་སྲིད་བཙོན་པར་མནར་གཅོད་མཚམས་འཇོག་གིས་བཙོན་པའི་ཐོབ་ཐང་ཁག་ལ་སྲུང་སྐྱོབ་བྱ་དགོས། ༦༽བོད་ནང་རང་ལུས་མེར་བསྲེགས་ཀྱི་ཛ་དྲག་གི་དོན་རྐྱེན་བྱུང་དང་འབྱུང་བཞིན་པའི་ཐད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་རང་དབང་ལྡན་པའི་རྟོག་ཞིབ་ཚོགས་ཆུང་ཞིག་ཛ་དྲག་གིས་བོད་དུ་ཆེད་གཏོང་གནང་རྒྱུ། ༧༽བོད་ཀྱི་གནད་དོན་འདི་བཞིན་བོད་མི་ས་ཡ་དྲུག་གི་གནད་དོན་ཡིན་པས། བོད་མིའི་སྒྲིག་འཛུགས་དང་རྒྱ་གཞུང་དབར་ཐད་ཀར་ཞི་མོལ་འགོ་འཛུགས་ཀྱིས་བོད་ཀྱི་བདེན་དོན་གསལ་ཐབས། ༨༽རྒྱ་ནག་མི་མང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་། ཁྱད་པར་དུ་ང་ཚོ་བོད་མི་རིགས་དང་གཅིག་མཚུངས་ཀྱི་དཀའ་སྡུག་ཚད་མེད་མྱངས་དང་མྱོང་བཞིན་པའི་སོག་པོ་དང་། ཡུ་གུར་མི་རིགས་ཀྱང་འཛམ་གླིང་འདིའི་སྟེང་ནས་སྐྱོབ་རོགས།༩༽ རྒྱ་ནག་གི་ཆབ་སྲིད་བཙོན་པ་མང་གཙོ་དོན་གཉེར་བ་ལིག་ཤའོ་པའོ་དང་། ཡུ་གུར་བའི་རང་དབང་རྩོད་ལེན་པའམ་དཔལ་འབྱོར་རིག་པའི་སློབ་དཔོན་ཆེན་མོ་ཨིལ་ཧམ་ཊོ་ཊི་གཉིས་གཙོས་པའི་རྒྱ་རིགས་དང་ཡུ་གུར་བའི་ཆབ་སྲིད་བཙོན་པ་ཡོངས་རྫོགས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་གློད་ཐབས་ཞུ་བ་དང་བཅས་ཡིན་འདུག
གཞན་ཞུ་འབོད་སྙན་ཞུ་དེའི་ནང་དགོས་འདུན་དོན་ཚན་འདི་དག་འབུལ་དགོས་པའི་དམིགས་ཡུལ་དང་འབྲེལ་བའི་གསལ་བཤད་་ནང་། བོད་ནང་དུ་བླ་མ་དང་། དགེ་བཤེས། མཁས་པ། སློབ་མ། རྩོམ་པ་པོ། མི་སེར་བཅས་བོད་མི་སྟོང་ཕྲག་མང་པོས་རྒྱ་ནག་གི་བཙོན་འོག་ཏུ་ཉེས་མེད་སྡུག་སྦྱོང་མནར་གཅོད་མྱོང་བཞིན་པ་དང་། བོད་ཀྱི་རང་དབང་བདེན་དོན་ཆེད་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱིས་ཚེ་སྲོག་བློས་གཏོང་གནང་བ། བོད་མིའི་འཚོ་གནས་རང་དབང་དང་སྨྲ་བརྗོད་རང་དབང་། སྐད་རིག་གནས། ཆོས་ལུགས་བཅས་ཀྱི་རང་དབང་ལ་རྒྱ་ནག་གི་སུན་གཙེར་ཚད་མེད་དང་བཀག་སྡོམ་ཤུགས་ཆེན་བྱེད་བཞིན་ཡོད་ཀྱང་། བོད་མི་རྣམས་ལ་དྲང་བདེན་རྩོད་སའི་ཁྲིམས་ར་དང་བདེན་པ་ཞུ་སའི་ཁོར་ཡུག་རག་གི་མེད་པར་བརྟེན། བོད་ནང་གི་བོད་མི་ཚོའི་ཚབ་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་གཙོས་པའི་རྒྱལ་སྤྱིའི་འབྲེལ་ཡོད་ཚོགས་སྡེ་ཁག་ལ་ཞུ་འབོད་བྱེད་ཀྱིན་སྐོར་བཀོད་འདུག
ཁྱིམ་ཚང་དྲུག་གི་བོད་དོན་ཞུ་འབོད་དམ་བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་ལས་འགུལ་འདི་ནི་ ཕྱི་ལོ ༢༠༡༢ ཟླ ༡༢ ཚེས ༡༠ ནས་ཇི་ནེ་ཝ་རྒྱལ་ཚོགས་མདུན་དུ་སུད་སི་གནས་སྡོད་ཁྱིམ་ཚང་གཉིས་ཀྱི་འགོ་འཛུགས་གནང་བ་དང་། ཕྱི་ལོ ༢༠༡༤དང་༢༠༡༥ལོར་རིམ་བཞིན་ཁྱིམ་ཚང་གསུམ་དང་ཁྱིམ་ཚང་བཞི་ཡིས་ཟླ་རེའི་གཟའ་ལྷག་པ་དང་བོ་ནམ་ཡིན་ལ་ལས་འགུལ་སྤེལ་ཅིང་། ཕྱི་ལོ ༢༠༡༦ ཟླ ༡ ཚེས ༡༣ ནས་བཟུང་ཁྱིམ་ཚང་དྲུག་གི་ལས་འགུལ་དུ་གྱུར་ཞིང་།  ལོ་ལྟར་ཟླ་རེའི་གཟའ་ལྷག་པ་གཉིས་པ་ནམ་ཡིན་ལ་མཉམ་འབྲེལ་རྒྱལ་ཚོགས་གཙོས་པའི་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་།གྲོས་འཐུས།ཚོགས་སྡེ་དང་མི་སྒེར་བཅས་འཛམ་གླིང་མི་མང་ལ། བོད་ནང་གི་བོད་མི་མངོན་འདོད་དང་། རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་འབོད་སྒྲ་དང་ཞལ་ཆེམས་དོན་ཚན་ཁག་ཞུ་གཏུག་བྱེད་ཀྱིན་ཡོད་འདུག
གསར་འགོད་པ། ཙ་ཡུས་ཕུན་ཚོགས།  




No comments:

Post a Comment