Monday, February 16, 2015

ཁོང་ཚོའི་འབོད་སྒྲ་དང་ཞལ་ཆེམས་དོན་ཚན་ཁག་ཞུ་གཏུག་བྱ་རྒྱུ་ཡིན།


དེ་རིང་ཕྱི་ཚེས་༡༤ རེས་གཟའ་ལྷག་པའི་ཉིན་སུད་སི་ནང་གནས་སྡོད་སྟག་ཚང་དཀོན་ཅོག་དང་། བཀྲ་བསྟན་ཚང་པ་སངས། ངག་དབང་ཚང་ངག་དབང་དཔལ་ལྡན། རྒྱལ་ཚང་བཀྲ་ཤིས་ལྷ་མོ་བཅས་ཁྱིམ་ཚང་བཞི་ཡིས་བོད་དོན་ཆེད་སྐུ་སྲོག་མེ་རུ་སྒྲོན་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་གཙོས། གཞིས་ལུས་རྒྱ་ཆེ་མི་མང་གི་དཀའ་སྤྱད་འབད་བརྩོན་ལ་གདུང་སེམས་མཉམ་སྐྱེད་ཆེད་དང་། ཟླ་བ་རེ་རེ་བཞིན་བོད་ཀྱི་ཛ་དྲག་གནས་བབ་རྒྱལ་སྤྱིའི་ཚོགས་སྡེ་ཁག་ཏུ་ཞུ་འབོད་དང་། དམིགས་བསལ་མཉམ་འབྲེལ་རྒྱལ་ཚོགས་འབྲེལ་ཡོད་ཚན་པའི་ལས་ཁུངས་ཁག་གི་སྒོ་གློགས་ཡང་ཡང་རྡུང་བཞིན་པའི་ལས་འགུལ་ཐེངས་ས༣༧ པ་དེ་སུད་སི་ཇི་ནི་ཝ་མཉམ་འབྲེལ་རྒྱལ་ཚོགས་མདུན་ཐང་དུ་སྤེལ་ཡོད་འདུག


དེ་རིང་གི་ལས་འགུལ་འདིར་ཁྱིམ་ཚང་བཞིའི་ལས་འགུལ་བའི་ཐོག་སུད་སི་ས་གནས་ཨོལ་ཝ་རྡན་གྱི་བོད་མི་ཡེ་ཤེས་ལེགས་ལྡན་ལགས་མཉམ་ཞུགས་གནང་ཡོད་ཅིང་།  ཕྱི་རྒྱལ་བ་མང་པོས་གདུང་སེམས་མཉམ་སྐྱེད་མཚོན་པའི་རྒྱབ་སྐྱོར་གང་མང་བྱུང་འདུག་པ་མ་ཟད། བོད་གནས་འགྲེལ་བརྗོད་ཀྱི་ཡིག་ཆའང་གྲངས་མང་འགྲེམ་སྤེལ་གནང་ཐུབ་ཡོད་འདུག་ཀྱང་། ཉིན་འདི་འགར་ཡུ་རོབ་ཀྱི་གནམ་གཤིས་ཤིན་ཏུ་གྲང་བའི་སྒང་ཡིན་པ་དང་། ཁྱད་པར་ཉིན་འདིར་གྲང་རླུང་ལྡང་ཞིང་ཆར་ཞོད་ཆེན་པོ་བབ་པར་བརྟེན་ལས་འགུལ་བ་རྣམས་པར་དཀའ་ངལ་མི་ཉུང་བ་ཕྲད་ཡོད་འདུག ལས་འགུལ་འདིར་རྩ་བའི་དགོས་འདུན་དོན་ཚན་བརྒྱད་ཟུར་འདོན་གྱིས་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་། ལྷག་དོན་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཁག་ལ་ཞུ་འབོད་སྙན་ཞུ་གཏོང་གིན་ཡོད་འདུག དགོས་འདུན་དོན་ཚན་བརྒྱད་ནི་གཤམ་གསལ་ལྟར།
 
༡༽  ཕྱི་ལོ་ ༡༩༥༩ དང་། ༡༩༦༡། ༡༩༦༥ སོ་སོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་དོན་ཐོག་བཞག་པའི་གྲོས་ཆོད་ཁག་སླར་ཡང་མཉམ་འབྲེལ་རྒྱལ་ཚོགས་ནས་གླེང་སློང་དང་ལག་བསྟར་མཇུག་གནོན་གནང་གལ།

༢༽  འདས་ཟིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ས་ཡ་གཅིག་དང་འབུམ་གཉིས་ལྷག་གིས་བོད་མི་རིགས་ལ་ཤུལ་དུ་བཞག་པའི་ལོ་རྒྱུས་དང། རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་འབོད་སྒྲ་དང་ཞལ་ཆེམས། དེ་བཞིན་གཞིས་ལུས་རྒྱ་ཆེའི་མི་མང་གི་གལ་གནད་ཆེ་བའི་སེམས་ཀྱི་མངོན་འདོད་ལྟར། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གང་མགྱོགས་བོད་དུ་ཕེབས་རྒྱུར་མཐུན་འགྱུར་གནང་ཐབས།

༣༽  བོད་ཡུལ་འདི་སྔར་བཞིན་རང་དབང་ལྡན་པའི་ཞི་བདེ་བག་ཕེབས་ཀྱི་ཡུལ་ཞིག་ཏུ་བསྐྲུན་རྒྱུ།

༤༽  ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་དང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་གཙོས་བོད་ནང་གི་ཆབ་སྲིད་བཙོན་པ་ཡོངས་རྫོགས་ཆ་རྐྱེན་གང་ཡང་མེད་པར་གློད་ཐབས།

༥༽  བོད་ནང་རང་ལུས་མེར་བསྲེགས་ཀྱི་ཛ་དྲག་གི་དོན་རྐྱེན་བྱུང་དང་འབྱུང་བཞིན་པའི་ཐད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་རང་དབང་ལྡན་པའི་རྟོག་ཞིབ་ཚོགས་ཆུང་ཞིག་ཛ་དྲག་གིས་བོད་དུ་ཆེད་གཏོང་གནང་རྒྱུ།

༦༽  བོད་ཀྱི་གནད་དོན་འདི་བཞིན་བོད་མི་ས་ཡ་དྲུག་གི་གནད་དོན་ཡིན་པས། བོད་མིའི་སྒྲིག་འཛུགས་དང་རྒྱ་གཞུང་དབར་ཐད་ཀར་ཞི་མོལ་འགོ་འཛུགས་ཀྱིས་བོད་ཀྱི་བདེན་དོན་གསལ་ཐབས།

༧༽  རྒྱ་ནག་མི་མང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་། ཁྱད་པར་དུ་ང་ཚོ་བོད་མི་རིགས་དང་གཅིག་མཚུངས་ཀྱི་དཀའ་སྡུག་ཚད་མེད་མྱངས་དང་མྱོང་བཞིན་པའི་སོག་པོ་དང་། ཡུ་གུར་མི་རིགས་ཀྱང་འཛམ་གླིང་འདིའི་སྟེང་ནས་སྐྱོབ་རོགས།

༨༽  རྒྱ་ནག་གི་ཆབ་སྲིད་བཙོན་པ་མང་གཙོ་དོན་གཉེར་བ་ལིག་ཤའོ་པའོ་དང་། ཡུ་གུར་བའི་རང་དབང་རྩོད་ལེན་པའམ་དཔལ་འབྱོར་རིག་པའི་སློབ་དཔོན་ཆེན་མོ་ཨིལ་ཧམ་ཊོ་ཊི་གཉིས་གཙོས་པའི་རྒྱ་རིགས་དང་ཡུ་གུར་བའི་ཆབ་སྲིད་བཙོན་པ་ཡོངས་རྫོགས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་གློད་ཐབས། བཅས་ཡིན་འདུག

ཁྱིམ་ཚང་བཞི་ཡིས་སྒེར་ཀྱི་ལས་ཀ་དང་དུས་ཚོད། འགྲོ་གྲོན་སོགས་ལ་བལྟས་པར་མུ་མཐུད་ལས་འགུལ་འདི་བཞིན་སྤེལ་དགོས་པའི་དམིགས་ཡུལ་ཐད་ལས་འགུལ་བ་རྣམས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་ཚོགས་སྡེ་ཁག་ལ་ཞུ་འབོད་ཡིག་ཆའི་ནང་འཁོད་དོན། ཕྱི་ལོ་ ༡༩༥༠ ལོ་ནས་འགོ་འཛུགས་ཀྱིས་རྒྱ་མིའི་དྲག་པོའི་དཔུང་དམག་གིས་བཙན་འཛུལ་བྱས་ཏེ། བོད་མི་འབུམ་བཅུ་གཉིས་ ༡༢༠༠༠༠༠ ལྷག་གི་ཚེ་སྲོག་འཕྲོག་པ་དང། ལྷག་པར་དུ་བོད་དུ་མི་སེར་སྤེལ་ཡུལ་གྱི་སྲིད་ཇུས་ཤུགས་ཆེར་སྤེལ་ཏེ་མི་འབོར་གྱིས་བཙན་འཛུལ་དང་། སྐད་ཡིག་རིག་གཞུང་དང།  ཆོས་ལུགས། ས་དབང་། སྒེར་བདག་སྒོ་ཕྱུགས། ཐ་ན་བསམ་བློའི་འཁྱེར་སོ་ཚུན་ཆད་ལའང་སྟངས་འཛིན་དོ་དམ་འོག བོད་མི་རྣམས་དུད་འགྲོ་བཞིན་སྡོད་ཐབས་བྲལ་ཏེ། ཕྱི་ལོ་ ༡༩༨༧ ལོ་ནས་ལྷ་སའི་ཞི་བའི་གྱེན་ལངས་དང།  ཕྱི་ལོ་ ༢༠༠༨ ལོར་བོད་ཀྱི་ས་ཁུལ་སྟོད་སྨད་བར་གསུམ་དུ་གཞི་རྒྱ་ཆེ་བའི་ས་བྱི་ལོའི་ཞི་རྒོལ་ཆེན་མོ་སོགས་བྱུང་བ་དང།  ད་དུང་བོད་ཀྱི་རི་ཀླུང་ཀུན་ཏུ་གཏེར་ཁ་འདྲ་མིན་གང་བྱུང་སྔོག་འདོན་གྱིས་བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེན་བཏང་དང་གཏོང་བཞིན་པའི་སྲིད་ཇུས་འདི་དག་གི་བརྒྱུད་རིམ་ཁྲོད། མི་རིགས་དང་། དཔལ་འབྱོར་དབྱེ་འབྱེད།  ཁོར་ཡུག་དང་རིག་གཞུང་རྩ་གཏོར། བོད་ཀྱི་ཡུལ་དང་མི་རིགས་རྩ་མེད་དུ་འགྲོ་རྒྱུའི་ཉེན་ཁའི་མཚམས་སུ་བསྐྱལ་ཡོད། རྒྱ་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིད་ཇུས་ལ་བོད་མི་རྣམས་ཡིད་མ་རངས་པར་ངོ་རྒོལ་ཆེད།  ཕྱི་ལོ་ ༢༠༠༩ ལོར་རྔ་བ་ཀིརྟིའི་རྒྱལ་གཅེས་དཔའ་བོ་གྲྭ་བཀྲ་བྷེ་ལགས་ཀྱིས་རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ། རང་ལུས་མེར་བསྲེགས་ཀྱིས་ཆེས་ཚད་མཐོ་བའི་ཞི་རྒོལ་གྱི་ལས་འགུལ་འགོ་བཙུགས་པ་ནས་ཕྱི་ལོ་༢༠༡༥ཟླ་༡ཚེས་༡༤བར་བོད་ནང་ཤེས་རྟོགས་ར་འཕྲོད་གསལ་བོ་བྱུང་བ་རྒྱལ་གཅེས་དཔའ་བོ་དཔའ་མོ་༡༣༥ ཙམ་གྱིས་གཅིག་མཇུག་གཉིས་མཐུད་དུ་རང་ལུས་མེར་བསྲེགས་གནང་ཡོད་པ་ཁོང་རྣམ་པའི་སེམས་ཁོང་གི་འབོད་སྒྲ་དང་ཞལ་ཆེམས། འདས་ཟིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ས་ཡ་གཅིག་དང་འབུམ་གཉིས་ལྷག་གིས་ཤུལ་དུ་བཞག་པའི་འབོད་སྒྲ་དང་ཞལ་ཆེམས། དེ་བཞིན་གཞིས་ལུས་རྒྱ་ཆེའི་མི་མང་ལ་རང་དབང་གིས་ཞུ་གཏུག་བྱེད་ས་དང་བདེན་པ་བདར་སའི་ཁྲིམས་རའི་ཁོར་ཡུག་ཚད་ལྡན་ཅིག་མེད་པར་བརྟེན། ང་ཚོ་སུད་སིད་རྒྱལ་ཁབ་རང་དབང་ལུང་པའི་ནང་གནས་སྡོད་ཁྱིམ་ཚང་གཉིས་ཀྱས་ཁོང་ཚོའི་ཚབ་བྱས་ཏེ། ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༡༠ ནས་ཇི་ནེ་ཝ་རྒྱལ་ཚོགས་ཀྱི་མདུན་དུ་བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་ལས་འགུལ་ལོ་གཅིག་གི་རིང་ཟླ་རེའི་གཟའ་ལྷག་པ་དང་བོ་དང་གསུམ་པ་ནམ་ཡིན་ལ་སྤེལ་པ་དང་། ཕྱི་ལོ་༢༠༡༤  ལོར་ཁྱིམ་ཚང་གསུམ་གྱིས་ལོ་གཅིག་གི་རིང་ཟླ་རེའི་གཟའ་ལྷག་པ་དང་བོ་ནམ་ཡིན་ལ་ལས་འགུལ་སྤེལ་ཅིང་།   ཕྱི་ལོ་༢༠༡༥ཟླ་༡ ཚེས་༡༤ ནས་བཟུང་ཁྱིམ་ཚང་བཞི་ཡིས་སླར་ཡང་ལས་འགུལ་འགོ་འཛུགས་ཀྱིས་ཇི་ནེ་ཝ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ། ལོ་གཅིག་གི་རིང་ཟླ་རེའི་གཟའ་ལྷག་པ་གཉིས་པ་ནམ་ཡིན་ལ་མཉམ་འབྲེལ་རྒྱལ་ཚོགས་གཙོས་པའི་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་།  གྲོས་འཐུས།  ཚོགས་སྡེ་དང་མི་སྒེར་བཅས་འཛམ་གླིང་མི་མང་ལ། ཁོང་ཚོའི་འབོད་སྒྲ་དང་ཞལ་ཆེམས་དོན་ཚན་ཁག་ཞུ་གཏུག་བྱ་རྒྱུ་ཡིན། ཞེས་སོགས་འཁོད་འདུག

འབྲེལ་གཏུག་ཞུ་ཡུལ།
ཁ་པར། 0041764774162 སྟག་ཚང་དཀོན་ཅོག 0763303973 ངག་དབང་དཔལ་ལྡན། 

ཁ་པར། 076 620 10 51 བཀྲ་བསྟན་ཚང་པ་སངསང་། 0764545409 རྒྱལ་ཚང་བཀྲ་ཤིས་ལྷ་མོ། 

No comments:

Post a Comment