Sunday, February 15, 2015

དཔལ་ལྡན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་དབུ་འཛིན་གསར་པ་ལ་སྙན་ཞུ།


༄༅། །དཔལ་ལྡན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་དབུ་འཛིན་གསར་པ་ཇོར་ཌན་གྱི་རྒྱལ་སྲས་ཛ་ཨིད་རཱད་ཨལ་ཧུ་སེན་(Zeid Ra’ad al-Hussein)མཆོག་གི་ཞབས་དྲུང་དུ །  ཞུ་གསོལ།

མཁྱེན་གསལ་ལྟར། ཕྱི་ལོ་ ༡༩༥༠ ལོ་ནས་འགོ་འཛུགས་ཀྱིས་རྒྱ་མིའི་དྲག་པོའི་དཔུང་དམག་གིས་བཙན་འཛུལ་བྱས་ཏེ། བོད་མི་འབུམ་བཅུ་གཉིས་ ༡༢༠༠༠༠༠ ལྷག་གི་ཚེ་སྲོག་འཕྲོག་པ་དང། ལྷག་པར་དུ་བོད་དུ་མི་སེར་སྤེལ་ཡུལ་གྱི་སྲིད་ཇུས་ཤུགས་ཆེར་སྤེལ་ཏེ་མི་འབོར་གྱིས་བཙན་འཛུལ་དང་། སྐད་ཡིག་རིག་གཞུང་དང།  ཆོས་ལུགས། ས་དབང་། སྒེར་བདག་སྒོ་ཕྱུགས། ཐ་ན་བསམ་བློའི་འཁྱེར་སོ་ཚུན་ཆད་ལའང་སྟངས་འཛིན་དོ་དམ་འོག བོད་མི་རྣམས་དུད་འགྲོ་བཞིན་སྡོད་ཐབས་བྲལ་ཏེ། ཕྱི་ལོ་ ༡༩༨༧ ལོ་ནས་ལྷ་སའི་ཞི་བའི་གྱེན་ལངས་དང།  ཕྱི་ལོ་ ༢༠༠༨ ལོར་བོད་ཀྱི་ས་ཁུལ་སྟོད་སྨད་བར་གསུམ་དུ་གཞི་རྒྱ་ཆེ་བའི་ས་བྱི་ལོའི་ཞི་རྒོལ་ཆེན་མོ་སོགས་བྱུང་བ་དང།  ད་དུང་བོད་ཀྱི་རི་ཀླུང་ཀུན་ཏུ་གཏེར་ཁ་འདྲ་མིན་གང་བྱུང་སྔོག་འདོན་གྱིས་བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེན་བཏང་དང་གཏོང་བཞིན་པའི་སྲིད་ཇུས་འདི་དག་གི་བརྒྱུད་རིམ་ཁྲོད། མི་རིགས་དང་། དཔལ་འབྱོར་དབྱེ་འབྱེད།  ཁོར་ཡུག་དང་རིག་གཞུང་རྩ་གཏོར། བོད་ཀྱི་ཡུལ་དང་མི་རིགས་རྩ་མེད་དུ་འགྲོ་རྒྱུའི་ཉེན་ཁའི་མཚམས་སུ་བསྐྱལ་ཡོད།
རྒྱ་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིད་ཇུས་ལ་བོད་མི་རྣམས་ཡིད་མ་རངས་པར་ངོ་རྒོལ་ཆེད།  ཕྱི་ལོ་ ༢༠༠༩ ལོར་རྔ་བ་ཀིརྟིའི་རྒྱལ་གཅེས་དཔའ་བོ་གྲྭ་བཀྲ་བྷེ་ལགས་ཀྱིས་རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ། རང་ལུས་མེར་བསྲེགས་ཀྱིས་ཆེས་ཚད་མཐོ་བའི་ཞི་རྒོལ་གྱི་ལས་འགུལ་འགོ་བཙུགས་པ་ནས་ཕྱི་ལོ་༢༠༡༥ཟླ་༡ཚེས་༡༤བར་བོད་ནང་ཤེས་རྟོགས་ར་འཕྲོད་གསལ་བོ་བྱུང་བ་རྒྱལ་གཅེས་དཔའ་བོ་དཔའ་མོ་༡༣༢ ཙམ་གྱིས་གཅིག་མཇུག་གཉིས་མཐུད་དུ་རང་ལུས་མེར་བསྲེགས་གནང་སྟེ་མི་གྲངས་༡༡༣ ཙམ་འདས་གྲོངས་སུ་གྱུར་འདུག་པར་རྒྱ་གཞུང་གིས་བཙན་ཤེད་ཀྱིས་དཔའ་བོ་དཔའ་མོ་ཚོ་དང་འབྲེལ་ཡོད་ནང་མི་སྤུན་མཆེད་དང་།  གནས་ཚུལ་ཕྱིར་བསྒྲགས་གནང་མཁན་ཚོ་འཇུ་བཟུང་བཙན་ཁྲིད་ཀྱིས་ཉེས་ཁྲིམས་གཅོད་པ་དང་།  གདུང་སེམས་མཉམ་སྐྱེད་ཀྱི་གུས་བརྩིའི་ཆོས་བྱེད་སེར་སྐྱ་ཕོ་མོ་མང་པོ་བཀག་སྡོམ་དང་།  སུན་གཙེར་སྣ་ཚོགས་བྱས་དང་བྱེད་བཞིན་པ་དང་།  སྨྲ་བརྗོད་རང་དབང་ལ་བཀག་སྡོམ་གྱིས་བཤད་འདོད་པ་དེ་བཤད་མི་ཆོག་པ་དང་།   བཤད་མི་འདོད་པ་བཤད་དགོས་པ།  བོད་ཀྱི་བླ་སྤྲུལ་དང་། མཁན་པོ། དགེ་བཤེས།  མཁས་པ། རྩོམ་པ་པོ། གཞས་པ་གཞས་མ།  སྒྱུ་རྩལ་པ་སོགས་འཇུ་བཟུང་།  ཁོར་ཡུག་སྲུང་སྐྱོབ་པ་དང་།  ཚོང་པ།  སྡེ་དཔོན་ཚོ་དཔོན་སོགས་བོད་དོན་ལ་ཤ་ཞེན་ཡོད་མཁན་མང་པོ་འཇུ་བཟུང་བཙན་ཁྲིད་ཀྱིས་མ་ཉེས་ཁ་གཡོག་སྣ་ཚོགས་ཀྱིས་ཉེས་ཁྲིམས་གཅོད་པ་དང་བཙོན་འཇུག། ཐ་ན་མིས་མཐོང་སར་མེ་མདའ་བརྒྱབ་སྟེ་གསོད་པ་སོགས་ཡ་ང་ཞིང་ཡིད་སྐྱོ་བའི་གནས་ཚུལ་མང་དུ་འགྲོ་བཞིན་པ་དང་།  བཙན་བྱོལ་ནང་དུའང་དཔའ་བོ་ཐུབ་བསྟན་དངོས་གྲུབ་གཙོས་རྒྱལ་གཅེས་དཔའ་བོ་༧ ཙམ་གྱིས་བོད་ཀྱི་བདེན་དོན་ཆེད། རང་ལུས་མེར་བསྲེགས་ཀྱིས་མི་གྲངས་༤  འདས་གྲོངས་སུ་གྱུར་ཏེ་གཞིས་ལུས་རྒྱ་ཆེའི་མི་མང་ལ་གདུང་སེམས་མཉམ་སྐྱེད་ཀྱི་རྣམ་པ་གསལ་སྟོན་གནང་ཡོད། ཁོང་རྣམ་པའི་སེམས་ཁོང་གི་འབོད་སྒྲ་དང་ཞལ་ཆེམས། འདས་ཟིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ས་ཡ་གཅིག་དང་འབུམ་གཉིས་ལྷག་གིས་ཤུལ་དུ་བཞག་པའི་འབོད་སྒྲ་དང་ཞལ་ཆེམས། དེ་བཞིན་གཞིས་ལུས་རྒྱ་ཆེའི་མི་མང་ལ་རང་དབང་གིས་ཞུ་གཏུག་བྱེད་ས་དང་བདེན་པ་བདར་སའི་ཁྲིམས་རའི་ཁོར་ཡུག་ཚད་ལྡན་ཅིག་མེད་པར་བརྟེན། ང་ཚོ་སུད་སིད་རྒྱལ་ཁབ་རང་དབང་ལུང་པའི་ནང་གནས་སྡོད་ཁྱིམ་ཚང་གཉིས་ཀྱིས་ཁོང་ཚོའི་ཚབ་བྱས་ཏེ། ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༡༠ ནས་ཇི་ནེ་ཝ་རྒྱལ་ཚོགས་ཀྱི་མདུན་དུ་བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་ལས་འགུལ་ལོ་གཅིག་གི་རིང་ཟླ་རེའི་གཟའ་ལྷག་པ་དང་བོ་དང་གསུམ་པ་ནམ་ཡིན་ལ་སྤེལ་པ་དང་། ཕྱི་ལོ་༢༠༡༤  ལོར་ཁྱིམ་ཚང་གསུམ་གྱིས་ལོ་གཅིག་གི་རིང་ཟླ་རེའི་གཟའ་ལྷག་པ་དང་བོ་ནམ་ཡིན་ལ་ལས་འགུལ་སྤེལ་ཅིང་།   ཕྱི་ལོ་༢༠༡༥ཟླ་༡ ཚེས་༡༤ ནས་བཟུང་ཁྱིམ་ཚང་བཞི་ཡིས་སླར་ཡང་ལས་འགུལ་འགོ་འཛུགས་ཀྱིས་ཇི་ནེ་ཝ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ། ལོ་གཅིག་གི་རིང་ཟླ་རེའི་གཟའ་ལྷག་པ་གཉིས་པ་ནམ་ཡིན་ལ་མཉམ་འབྲེལ་རྒྱལ་ཚོགས་གཙོས་པའི་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་།  གྲོས་འཐུས།  ཚོགས་སྡེ་དང་མི་སྒེར་བཅས་འཛམ་གླིང་མི་མང་ལ། ཁོང་ཚོའི་འབོད་སྒྲ་དང་ཞལ་ཆེམས་དོན་ཚན་ཁག་ཞུ་གཏུག་བྱ་རྒྱུ་ཡིན།
ང་ཚོ་བོད་ཀྱི་ཡུལ་ལུང་འདི་ཡང་འཛམ་གླིང་འདིའི་ཆ་ཤས་ཤིག་ཡིན་པ་དང་། ང་ཚོ་བོད་མི་རྣམས་ཀྱང་འཛམ་གླིང་འདིའི་འགྲོ་བ་མིའི་རིགས་ཤིག་ཡིན་པས། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་ཁག་གི་སྲིད་གཞུང་། གྲོས་འཐུས།  ཚོགས་སྡེ་དང་མི་སྒེར་བཅས་དྲང་བདེན་སྐྱོང་བའི་འཛམ་གླིང་མི་མང་རྣམས་ལ། མི་ལོ་དྲུག་ཅུ་ལྷག་གི་རིང་རྒྱ་དམར་གཞུང་གི་བཙན་གནོན་དང་གཉའ་གནོན་གྱིས་སྡུག་སྦྱོང་མནར་གཅོད་ཚད་མེད་འོག བོད་ཀྱི་སྣོད་བཅུད་རྣམས་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟ་བུའི་སྡུག་བསྔལ་མྱངས་དང་མྱོང་བཞིན་པ་འདི་ལས་སྐྱོབ་རོགས་ཞེས་ལག་གཉིས་ཐལ་མོ་སྦྱར་ཏེ་འབོད་སྐུལ་ནན་ཏན་དུ་ཞུ་རྒྱུའི་དོན་གནད་ཁག་གཤམ་གསལ།
༡༽  ཕྱི་ལོ་ ༡༩༥༩ དང་། ༡༩༦༡། ༡༩༦༥ སོ་སོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་དོན་ཐོག་བཞག་པའི་གྲོས་ཆོད་ཁག་སླར་ཡང་མཉམ་འབྲེལ་རྒྱལ་ཚོགས་ནས་གླེང་སློང་དང་ལག་བསྟར་མཇུག་གནོན་གནང་གལ།

༢༽  འདས་ཟིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ས་ཡ་གཅིག་དང་འབུམ་གཉིས་ལྷག་གིས་བོད་མི་རིགས་ལ་ཤུལ་དུ་བཞག་པའི་ལོ་རྒྱུས་དང། རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་འབོད་སྒྲ་དང་ཞལ་ཆེམས། དེ་བཞིན་གཞིས་ལུས་རྒྱ་ཆེའི་མི་མང་གི་གལ་གནད་ཆེ་བའི་སེམས་ཀྱི་མངོན་འདོད་ལྟར། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གང་མགྱོགས་བོད་དུ་ཕེབས་རྒྱུར་མཐུན་འགྱུར་གནང་ཐབས།
༣༽  བོད་ཡུལ་འདི་སྔར་བཞིན་རང་དབང་ལྡན་པའི་ཞི་བདེ་བག་ཕེབས་ཀྱི་ཡུལ་ཞིག་ཏུ་བསྐྲུན་རྒྱུ།
༤༽  ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་དང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་གཙོས་བོད་ནང་གི་ཆབ་སྲིད་བཙོན་པ་ཡོངས་རྫོགས་ཆ་རྐྱེན་གང་ཡང་མེད་པར་གློད་ཐབས།
༥༽  བོད་ནང་རང་ལུས་མེར་བསྲེགས་ཀྱི་ཛ་དྲག་གི་དོན་རྐྱེན་བྱུང་དང་འབྱུང་བཞིན་པའི་ཐད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་རང་དབང་ལྡན་པའི་རྟོག་ཞིབ་ཚོགས་ཆུང་ཞིག་ཛ་དྲག་གིས་བོད་དུ་ཆེད་གཏོང་གནང་རྒྱུ།
༦༽  བོད་ཀྱི་གནད་དོན་འདི་བཞིན་བོད་མི་ས་ཡ་དྲུག་གི་གནད་དོན་ཡིན་པས། བོད་མིའི་སྒྲིག་འཛུགས་དང་རྒྱ་གཞུང་དབར་ཐད་ཀར་ཞི་མོལ་འགོ་འཛུགས་ཀྱིས་བོད་ཀྱི་བདེན་དོན་གསལ་ཐབས།
༧༽  རྒྱ་ནག་མི་མང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་། ཁྱད་པར་དུ་ང་ཚོ་བོད་མི་རིགས་དང་གཅིག་མཚུངས་ཀྱི་དཀའ་སྡུག་ཚད་མེད་མྱངས་དང་མྱོང་བཞིན་པའི་སོག་པོ་དང་། ཡུ་གུར་མི་རིགས་ཀྱང་འཛམ་གླིང་འདིའི་སྟེང་ནས་སྐྱོབ་རོགས།
༨༽  རྒྱ་ནག་གི་ཆབ་སྲིད་བཙོན་པ་མང་གཙོ་དོན་གཉེར་བ་ལིག་ཤའོ་པའོ་དང་། ཡུ་གུར་བའི་རང་དབང་རྩོད་ལེན་པའམ་དཔལ་འབྱོར་རིག་པའི་སློབ་དཔོན་ཆེན་མོ་ཨིལ་ཧམ་ཊོ་ཊི་གཉིས་གཙོས་པའི་རྒྱ་རིགས་དང་ཡུ་གུར་བའི་ཆབ་སྲིད་བཙོན་པ་ཡོངས་རྫོགས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་གློད་ཐབས་ཞུ་བ་དང་བཅས།
                  བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་ལས་འགུལ་པས། ཕྱི་ལོ་༢༠༡༥  ཟླ་ ༡ ཚེས་ ༡༤ ཉིན་གུས་པས་ཕུལ།

No comments:

Post a Comment