Wednesday, May 3, 2017

ཡུ་རོབ་གྲོས་ཚོགས་ལ་བོད་དོན་ཞུ་འབོད་གནང་ཡོད་འདུག

༢༠༡༧ ཟླ ༥ ཚེས་༢ ཉིན་གཉིས་རིང་སུད་སིར་གནས་སྡོད་བོད་མི་ཁྱིམ་ཚང་དྲུག་གིས་མ་སྐུལ་དང་བླངས་ཐོག་ནས་སྦེལ་འཇམ་རྒྱལ་ས་སྦར་སེལ་ནང་གི་ཡུ་རོབ་མཉམ་འབྲེལ་གྲོས་ཚོགས་མདུན་ཐང་དུ་བོད་དོན་ལས་འགུལ་སྤེལ་ཡོད་འདུག་ཅིང་། ལས་འགུལ་འདིར་ཡུ་རོབ་སྤྱི་མཐུན་གྱི་ཨི་སི་ཏོ་ནི་ཡའི་ Estonia གྲོས་ཚོགས་འཐུས་མི་སྐུ་ཞབས་ཏུན་ནེ་ཀེ་ལམ་ Tunne Kelam མཆོག་དང་ཁོང་གི་ཕྱག་རོགས་ཕེབས་བཅས་ཏེ་བོད་དོན་ལས་འགུལ་བ་རྣམས་ལ་རྒྱབ་སྐྱོར་གཏམ་བཤད་སོགས་སྤེལ་གནང་ཡོད་འདུག

གོང་ཚེས་ཉིན་བོད་དོན་ལས་འགུལ་བ་རྣམས་ཀྱིས་བོད་དོན་ཞུ་གཏུག་གི་ལས་འགུལ་ཐེངས་༦༧ པ་དེ་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་རྟེན་གཞི་བྱེད་ཡུལ་སྦེལ་ཇམ་རྒྱལ་ས་སྦར་སེལ་ནང་ཕེབས་ཏེ་ཉིན་གཉིས་རིང་བོད་དོན་དྲིལ་
བསྒྲགས་དང་། ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་གཙོས་པའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་བོད་དོན་ཞུ་འབོད་ཀྱི་ལས་འགུལ་སྤེལ་ཡོད་པ་དང་། ལས་འགུལ་ནང་སྦེལ་ཇམ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་མགྲོན་འབོད་ལྟར་ལས་འགུལ་ཐོག་མཉམ་ཞུགས་གནང་སྟེ་བོད་མི་དེ་དག་གི་ལྷག་བསམ་དང་སྙིང་སྟོབས་ལ་བསྔགས་བརྗོད་རྒྱ་ཆེ་གནང་བ་དང་སྦྲགས།  དོན་ཁང་ངོས་ནས་ལས་འགུལ་ཐོག་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་ཞུ་ཐུབ་པར་དགའ་སྤོབས་བྱུང་ཚུལ་གསུངས་འདུག་པ་པ་མ་ཟད། ཡུ་རོབ་སྤྱི་མཐུན་གྱི་ཨི་སི་ཏོ་ནི་ཡའི་ Estonia གྲོས་ཚོགས་འཐུས་མི་སྐུ་ཞབས་ཏུན་ནེ་ཀེ་ལམ་ Tunne Kelam མཆོག་དང་ཁོང་གི་ཕྱག་རོགས་ཕེབས་བཅས་ཏེ་བོད་དོན་ལས་འགུལ་བ་རྣམས་ལ་རྒྱབ་སྐྱོར་གཏམ་བཤད་སོགས་སྤེལ་ཡོད་པ་དང་། དེ་བཞིན་སྦེལ་ཇམ་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་དང་། ས་གནས་བུད་མེད་ཚོགས་པ། ས་གནས་གཞོན་ནུའི་མཐུན་ཚོགས་སོེགས་ཆེད་ཕེབས་ཀྱིས་ལས་འགུལ་བ་རྣམས་ཀྱིས་ལོ་མང་རིང་བོད་དོན་ཞུ་འབོད་ཀྱི་ལས་འགུལ་མུ་མཐུད་སྤེལ་བཞིན་པར་རྒྱབ་སྐྱོར་དང་། ཁོང་ཚོའི་བློས་བཏང་གི་སྙིང་སྟོབས་བཅས་ལ་ཡི་རང་བསྔགས་བརྗོད་བཅས་གནང་ཡོད་འདུག
ཡུ་རོབ་སྤྱི་མཐུན་གྱི་ཨི་སི་ཏོ་ནི་ཡའི་ Estonia གྲོས་ཚོགས་འཐུས་མི་སྐུ་ཞབས་ཏུན་ནེ་ཀེ་ལམ་ Tunne Kelam ་མཆོག་གིས་ལས་འགུལ་དེར་གདུང་སེམས་མཉམ་སྐྱེ་དང་སྦྲགས་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་བསྟན་ཡོད་པ་མ་ཟད། ཨི་སི་ཏོ་ནི་ཡ་ལྟ་བུར་མཚོན་ན་ལོ་ངོ་ ༥༠ རིང་དམར་ཤོག་རིང་ལུགས་འོག་དཀའ་སྡུག་ཚད་མེད་མྱངས་པའི་སྐོར་
དྲན་གསོ་གནང་བ་དང་སྦྲགས་གསུང་དོན།  ང་ཚོའང་བོད་མི་ཚོ་དང་འདྲ་བར་དམར་པོའི་རིང་ལུགས་འོག་ཐུབ་ཚོད་དང་གཉའ་གནོན། དམ་དྲག་སོགས་ཀྱི་གནས་སྟངས་འོག་དཀའ་སྡུག་ཧ་ཅང་མྱངས་ཡོད་སྟབས་བོད་མི་ཚོའི་དཀའ་ངལ་ལ་བསམ་ཤེས་བྱེད་ཐུབ་ཀྱི་འདུག ཅེས་སོགས་གསུངས།   ཕྱོགས་མཚུངས་ཁོང་གིས་ཡུ་རོབ་ཕྱི་འབྲེལ་སྲིད་བྱུས་ལས་དོན་ཚན་པར་ European External Action Service བོད་ནང་གི་ཛ་དྲག་གནས་སྟངས་ཐོག་ངེས་པར་དུ་དོ་སྣང་གནང་ནས་བོད་མིའི་དཀའ་ངལ་སེལ་ཐབས་སླད་རོགས་རམ་གནང་དགོས་པའི་རེ་འདུན་ཡང་བཏོན་འདུག
གཞན་ཡང་སྦར་སེལ་སྐུ་ཚབ་དོན་ཁང་གི་ཡུ་རོབ་བོད་དོན་ཞུ་གཏུག་ཚན་པའི་འབྲེལ་ཡོད་ལས་བྱེད་རིག་འཛིན་ཆོས་སྒྲོན་ལགས་ཀྱིས།  བོད་མི་ལས་འགུལ་བའི་ཚོགས་གཙོ་སྟག་ཚང་དཀོན་མཆོག་དང་ལྷན་ཡུ་རོབ་སྤྱི་མཐུན་ཚོགས་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚན་པའི་དམིགས་བསལ་སྐུ་ཚབ་སྐུ་ཞབས་ས་ཊབ་རོ་སི་ལམ་སྦི་རི་ནི་དི་སི་  Stavros Lambrinidis མཆོག་ལ་འབུལ་རྒྱུའི་བོད་དོན་ཞུ་ཡིག་དེ་ཁོང་གི་ཕྱག་རོགས་ལྕམ་སྐུ་དེར་ཡ་ Derya མཆོག་བརྒྱུད་འབུལ་ལམ་ཞུས་ཡོད་འདུག་པ་དང་། སྦེལ་འཇམ་བོད་རིགས་ཚོགས་པའི་ཚོགས་གཙོ་ཀརྨ་ཚེ་རིང་ལགས་ཀྱིས་ལས་འགུལ་དེར་བསྔགས་བརྗོད་རྒྱ་ཆེ་ཞུས་ཞིང་། ས་གནས་དོན་གཅོད་དང་བོད་རིགས་ཚོགས་པ་སོགས་ཀྱིས་ལས་འགུལ་བ་རྣམས་ལ་མཐུན་འགྱུར་རོགས་རམ་ཤུགས་ཆེན་གནང་ཡོད་འགུ

བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་ལས་འགུལ་འགན་འཛིན་སྟག་ཚང་ཆོས་སྒྲོན་ལགས་ཀྱིས་ལས་འགུལ་གྱི་དགོས་འདུན་ཁག་དང་དམིགས་ཡུལ། ཚོགས་སྡེ་ཁག་ལ་ཕུལ་བའི་ཞུ་སྙན་སོགས་དབྱིན་ཡིག་ནང་ཡོད་པ་དག་གི་ནང་དོན་མདོར་བསྡུས་ངོ་སྤྲོད་གནང་དོན། ང་ཚོས་དམིགས་ཡུལ་ནི་ད་ལྟའི་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་གཏོང་ཐབས་དང་། བོད་ནང་གི་བོད་མི་ཚོའི་ཚབ་བྱས་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་དང་། ཚོགས་སྡེ་ཁག་གིས་བོད་ནང་གི་ཛ་དྲག་གི་གནས་སྟངས་ཐདརྟོག་ཞིབ་དང་རོགས་སྐྱོར་གནང་དགོས་པའི་འབོད་སྐུལ། དེ་ཞིན་ འཛམ་གླིང་མི་མང་ལ་བོད་ནང་གི་ཛ་དྲག་གི་གནས་སྟངས་ངོ་མ་དྲིལ་བསྒྲགས་ཀྱི་ལམ་ནས་བདེན་དོན་རྩོད་ཆེད་ན། འདི་ལྟར་བྱ་དགོས་པའི་རྒྱུ་མཚན་ནི། ཕྱི་ལོ་༡༩༥༠ནས་ད་ལྟའི་ བར་རྒྱ་ནག་དམར་གཞུང་གིས་བོད་མི་ས་ཡ་གཅིག་དང་འབུམ་གཉིས་ལྷག་དམར་གསོད་བཏང་ཡོད་པ་དང་། དགོན་སྡེ་སྟོང་ཕྲག་མང་པོ་གཏོར་བཤིག བོད་ཀྱི་སྐད་ཡིག་དང་རིག་གནས། ཆོས་ལུགས་བཅས་རྩ་མེད་གཏོང་ཐབས། བོད་ཀྱི་མཁས་དབང་ཁག་དང་། བླ་མ། སློབ་མ། ཤེས་ཡོན་པ་རྣམས་འཛིན་བཟུང་
དང་དམར་གསོད། བོད་ཀྱི་ཁོར་ཡུག་གཏོར་བཅོམ་སོགས་བཏང་སྟེ་བོད་ཁམས་ཡོངས་རྫོགས་བཙོན་ར་ལྟ་བུར་བསྒྱུར་ཡོད། རྒྱ་གཞུང་གིས་མི་ལོ་དྲུག་ཅུ་ལྷག་གི་རིང་བོད་དང་བོད་མིར་དྲག་གནོན་གྱི་གནས་སྟངས་དེ་རིགས་ལ་འགྱུར་བ་མ་བྱུང་བ་ཟད། བོད་ཀྱི་སྐད་ཡིག་ལ་བདག་པོ་རྒྱག་མཁན་གྱི་དགེ་རྒན་དང་སློབ་མ། བླ་མ་དང་མཁས་པ་མང་པོ་ཉེས་མེད་མནར་གཅོད་གཏོང་བ་སོགས་རྒྱུ་རྐྱེན་སྣ་མང་ལ་བརྟེན། བོད་མི་རྣམས་ཀྱིས་བཙན་དབང་ལ་ཞི་རྒོལ་མི་བྱེད་ཐབས་མེད་འོག ཕྱི་ལོ་༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོ་བྱུང་ཡོད། ཕྱི་ལོ་ ༢༠༠༩ ནས་ད་ལྟའི་བར་བོད་ནང་བོད་མི་ ༡༤༧གྱིས་རྒྱ་ནག་གཞུང་གི་གདུག་རྩུབ་སྲིད་བྱུས་ལ་ངོ་རྒོལ་ང་། བོད་ཀྱི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་སྲུང་སྐྱོབ། ༧གོང་ས་མཆོག་བོད་ནང་ཕྱིར་ཕེབས་ཐབས་བཅས་ཀྱི་ཆེད་རང་ལུས་མེར་སྲེག་གནང་ཡོད། དེའི་ནང་ནས་རང་ལུས་མེར་གནང་མཁན་གྲངས་ ༡༢༦ འདས་གྲོངས་
སུ་གྱུར་ཡོད།
 ད་ལྟ་རང་ལུས་མེར་གནང་མཁན་ཚོའི་ནང་མི་དང་། གྲོགས་པོ། དགོན་སྡེ་ཁག་ལ་རྒྱ་གཞུང་གིས་དམ་དྲག་ཤུགས་ཆེར་བྱེད་བཞིན་པ་མ་ཟད། དངུལ་དང་བཙན་དབང་བེད་སྤྱད་དེ་རང་ལུས་མེར་སྲེག་གནང་མཁན་ཚོའི་ནང་མི་དང་གྲོགས་པོ་སོགས་འབྲེལ་ཡོད་ཀྱི་བོད་མི་རྣམས་ལ་ཁྲིམས་ཆད་དང་། ཉེས་མེད་ནག་འགེལ་ཐོག་གདུག་སྤྱོད་ཚད་ལས་བརྒལ་བ་གཏོང་བཞིན་ཡོད། ཉེ་བའི་ལོ་བཅུ་ཕྲག་གོང་ནས་རྒྱ་གཞུང་གིས་ཆེད་
གཉེར་གྱིས་བོད་ཀྱི་འབྲོག་པ་གནས་སྤོའི་སྲིད་བྱུས་བཙན་དབང་གིས་ལག་བསྟར་བྱས་ཏེ། ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ལྡན་པའི་འཚོ་བའི་གོམས་གཤིས་རྩ་གཏོར་དང་། བོད་མི་རྣམས་ཀྱི་ཉིན་རེའི་འཚོ་བ་ལ་བརྡབ་གསིག་མུ་མཐུད་གཏོང་བཞིན་པ་མ་ཟད། བོད་ཀྱི་འབྲོག་པ་རྩ་མེད་གཏོང་ཐབས་ཀྱི་སྲིད་བྱུས་མུ་མཐུད་སྤེལ་བཞིན་ཡོད། ཕྱི་ལོ་ ༢༠༡༦ལོའི་ཟླ་  ནས་བོད་ནང་གི་ཆོས་སྡེ་ཆེ་གྲས་བླ་རུང་སྒར་དང་ཡ་ཆེན་སྒར་གྱི་གྲྭ་ཤག་གཏོར་བཤིག་དང་། གྲྭ་བ་སྟོང་ཕྲག་མང་པོ་ཕྱིར་ཕུད་གཏོང་བཞིན་ཡོད། ད་སྔ་གནས་ཚུལ་རྒྱུས་ལོན་བྱས་པ་ལྟར་ན། བླ་རུང་སྒར་གྱི་གྲྭ་བ་དང་ཨ་
ནེ་སྟོང་ཕྲག་གཉིས་ཙམ་བཙན་དབང་གིས་ཕྱིར་ཕུད་བཏང་ཡོད་པ་དང་།
 གྲྭ་ཤག་བརྒྱ་ཆ་ལྔ་བཅུ་ཙམ་གཏོར་བཤིག་བཏང་ཡོད་འདུག གྲྭ་བ་དང་ཨ་ནེ་མང་པོས་སྡུག་བསྔལ་གྱི་ན་ཟུག་མ་བཟོད་པར་རང་ཤི་བརྒྱབ་པ་དང་།དྲན་པ་བརྒྱལ་བ། སྨྱོན་པ་ཆགས་པའི་གནས་ཚུལ་རིམ་པར་འཐོན་བཞིན་ཡོད།ཕྱི་ལོ་ ༡༩༩༥ ལོར་པཎ་ཆེན་མཆོག་སྤྲུལ་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་དང་། ཁོང་གི་ནང་མི་ཡོངས་རྫོགས་རྒྱ་གཞུང་གི་བཙན་ཁྲིད་བྱས་ཏེ། ད་ལྟའང་གང་དུ་འཚོ་བཞུགས་ཀྱི་གནས་སྟངས་ཙམ་ཡང་ཤེས་རྟོགས་ཐུབ་ཀྱི་མེད། དེ་བཞིན་བོད་ཀྱི་དགོན་སྡེ་ཁག་གི་བླ་ཆེན་དང་མཁས་དབང་སོགས་བཙན་ཁྲིད་བཀག་སྡོམ་དང་། བཙོན་འཇུག་ཁྲིམས་ཆད་མུ་མཐུད་གཅོད་བཞིན་ཡོད། ད་ལྟ་རྒྱ་རིགས་མི་མང་ཚོས་སོ་སོའི་རྒྱལ་ཁབ་ཀྱི་ཕྱི་སྐྱོད་ལག་འཁྱེར་གྱི་ཐོབ་ཐང་བེད་སྤྱད་དེ་རྒྱལ་སྤྱིའི་གང་སར་རང་དབང་གིས་སྤྲོ་འཆམ་དང་། ཚོང་རྒྱག་པ། སློབ་སྦྱོང་སོགས་བྱེད་པར་བཀག་འགོག་གང་ཡང་བྱེད་ཀྱིན་མེད།འོན་ཀྱང་བོད་མི་ཚོར་ཕྱི་སྐྱོད་ལག་ཁྱེར་སྤྲོད་ཀྱིན་མེད་པ་མ་ཟད། བོད་མི་ཚོ་ཕྱི་རྒྱལ་ཁག་ནང་འགྲོ་འོང་བཀག་སྡོམ་ཤུགས་ཆེར་བྱེད་བཞིན་ཡོད། དེང་སྐབས་རྒྱ་ནག་དམར་གཞུང་འོག་གི་མི་སེར་ཡིན་པ་གཅིག་ཀྱང་། བོད་མིའི་ཐོག་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་མངོན་གསལ་དོད་པོས་སྤེལ་བཞིན་ཡོད། གོང་གི་གནས་ཚུལ་འདི་དགལ་བརྟེན་ནས། ང་ཚོ་ལས་འགུལ་བ་ནང་མི་དྲུག་གིས་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་། དམིགས་བསལ་ཐེངས་འདིར་ཡུ་རོབ་མཉམ་འབྲེལ་དང་གྲོས་ཚོགས་ལ་རེ་འདུན་ཁག་ཅིག་འདོན་རྒྱུ་ཡིན། བཅས་དང་། ལས་འགུལ་གྱི་དགོས་ཀྱི་དགོས་འདུན་དོན་ཚན་ཁག་གཤམ་གསལ།

༡༽རྒྱ་གཞུང་གིས་བླ་རུང་སྒར་དང་ཡ་ཆེན་སྒར་སོགས་བོད་ནང་གི་ཆོས་སྡེ་ཁག་གཏོར་
བཅོམ་དང་། བཙན་དབང་གཏོང་རྒྱུ་སོགས་མཚམས་འཇོག་བྱ་ཆེད་གང་མགྱོགས་རང་
དབང་གི་གནས་ཚུལ་རྟོག་ཞིབ་སྡེ་ཚན་ཞིག་ས་གནས་དེ་དག་ལ་གཏོང་ཐབས།
༢༽བོད་མི་ཡོངས་ཀྱི་རེ་འདུན་དང་། དམིགས་བསལ་བོད་མི་ས་གཅིག་དང་འབུམ་གཉིས་
ལྷག་གིས་རྒྱ་གཞུང་གིས་དམར་གསོད་བཏང་བ་རྣམས་ཀྱི་རེ་འདུན། རང་ལུས་མེར་སྲེག་
གནང་མཁན་ ༡༤༧ གྱི་རེ་འདུན་ཁ་ཆེམས་ལྟར། ༧གོང་ས་མཆོག་ཆ་རྐྱེན་ཅི་ཡང་མེད་པའི་
ཐོག་བོད་ནང་ཕྱིར་ཕེབས་གནང་ཐབས།
༣༽པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མཆོག་གིས་གཙོས་བོད་ནང་གི་
ཆབ་སྲིད་བཙོན་པ་རྣམས་མྱུར་དུ་གློད་གྲོལ་གཏོང་ཐབས།
༤༽རྒྱ་གཞུང་གིས་༧གོང་ས་མཆོག་གི་སྐུ་ཚབ་དང་མཉམ་དུ་བོད་དོན་དཀའ་རྙོག་སེལ་ཆེད་གྲོས་མོལ་གནང་རྒྱུར་རོགས་སྐྱོར་གནང་དགོས།
བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་འགུལ་ལམ་བོད་དོན་ཞུ་གཏུག་གི་ལས་འགུལ་འདི་ནི་ཐོག་མར་༢༠༡༢ ལོ་ནས་དབུ་འཛུགས་ཀྱིས་སུད་སི་ཇི་ཝ་གྲོང་ཁྱེར་གྱི་མཉམ་འབྲེལ་རྒྱལ་ཚོགས་མདུན་དུ་བོད་དོན་ཞུ་གཏུག་མུ་མཐུད་སྤེལ་བཞིན་ཡོད་པ་དང་། ད་ལྟ་ཁྱིམ་ཚང་དྲུག་གིས་མ་སྐུལ་དང་བླངས་ཐོག་བོད་དོན་བདེན་མཐའ་སེལ་ཆེད་ལས་འགུལ་གཞི་ཇེ་ཆེ་གཏོང་བཞིན་ཡོད་འདུག ཐེངས་འདི་ནི་ཁོང་ཚོའི་བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་ལས་འགུལ་ལམ་བོད་དོན་ཞུ་གཏུག་ལས་འགུལ་ཐེངས་༦༧ པ་དེ་ཡིན་འདུག


 ལས་འགུལ་བའི་དྲ་རྒྱ། www.cryingfortibet1.blogspot.ch
ལས་འགུལ་བ་རྣམས་ལ་འབྲེལ་བ་ཞུ་ཡུལ།
སྟག་ཚང་ཆོས་སྒྲོན།           ༠༧༦༤༧༧༤༡༦༢              


༡ ངག་དབང་ཚང་ངག་དབང་དཔལ་ལྡན།    ༠༧༦་༥༣༤་༨༠་༩༡༢    
  ༢ བཀྲ་བསྟན་ཚང་པ་སངས།       ༠༧༦༦༢༠༡༠༥༡
༣ རྒྱལ་ཚང་བཀྲ་ཤིས་ལྷ་མོ།         ༠༧༦༤༥༤༥༤༠༩
 ༥ ཡེ་ཤེས་ལྷ་མོ།                      ༠༠༦༡་༤༡༠༢༢༣༥༥༨

༦ མི་ལིང་བཀྲིས་ཟླ་བ།              ༠༧༦༥༨༨༢༨༥༩

No comments:

Post a Comment