Monday, February 16, 2015

ཁྱིམ་ཚང་གསུམ་གྱིས་བོད་དོན་རྒྱལ་ཚོགས་ལ་ཞུ་གཏུག


བོད་པའི་ཁྱིམ་ཚང་གསུམ་གྱིས་བོད་མི་རིགས་ཀྱི་བདེན་དོན་ཆེད་དུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒོ་ཆེན་ཐེངས་སོ་གསུམ་པ་དེ་བརྡུང་ཡོད་འདུག
ཟླ་འདིའི་ཚེས་ ༣ ཉིན་སུད་སིར་གནས་སྡོད་ལྷུན་འགྲབ་ཚང་ཀརྨ་བཀྲིས་ཚེ་རིང་དང་། སྟག་ཚང་དཀོན་ཅོག བཀྲ་བསྟན་ཚང་བཅས་ནང་མི་གསུམ་གྱིས་ཇི་ནི་ཝའི་རྒྱལ་ཚོགས་འདུན་དུ་ལས་འགུལ་ཐེངས་ ༣༣ པ་སྤེལ་ཡོད་འདུག ཐེངས་འདིའི་ལས་འགུལ་ནང་ཇི་ནི་ཝ་བོད་རིགས་ཚོགས་ཆུང་གི་ཚོགས་མི་སྤྱི་ཁྱབ་དོན་འགྲུབ་དང་ཆབ་བྲད་ཚང་ལེགས་འཕེལ། ལུ་ཛན་ཚོགས་ཆུང་གི་ཚོགས་མི་རྒྱལ་ཚང་བཀྲ་ཤིས་ལྷ་མོ་གསུམ་མཉམ་ཞུགས་གནང་ཡོད་འདུག

ཁོང་ཅག་གིས་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་གཉིས་ལ་ཞུ་སྙན་ཕུལ་བ་དང་། བོད་ནང་གི་ཛ་དྲག་གནས་སྟངས་འཁོད་པའི་ཡིག་ཆ་ ༥༠༠ དང་། རྒྱ་ནག་ནས་ཕེབས་པའི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ལ་རྒྱ་ཡིག་ཐོག་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་དང་། རྒྱ་ཡིག་ཐོག་བཏོན་པའི་བོད་གནས་གསར་འཕྲིན་ཁག་བཅས་འགྲེམས་སྤེལ་བྱས་ཏེ་བོད་གནས་ཁྱབ་བསྒྲགས་བྱས་ཡོད་འདུག
ཁོང་ཅག་གིས་ད་དུང་རྒྱ་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་འཕྲལ་དུ་མཚམས་འཇོག་བྱེད་དགོས་པ་དང་། བོད་ནང་རྒྱལ་སྤྱིའི་རང་དབང་གི་རྟོགས་ཞིབ་ཚོགས་ཆུང་གཏོང་དགོས་པ། རྒྱལ་ཚོགས་ཀྱིས་བོད་དོན་གླེང་སློང་གནང་ཐོག་དོན་ཕན་ལྡན་པའི་ལྟ་སྐུལ་གང་མགྱོགས་ཡོང་དགོས་པ་བཅས་ཀྱི་དགོས་འདུན་དོན་ཚན་ ༦ འདོན་བཞིན་ཡོད་འདུག

མི་ཚང་གསུམ་གྱི་རྒྱལ་ཚོགས་མདུན་དུ་བོད་དོན་ཞུ་གཏུགས་ལས་འགུལ་འདི་ནི་ ༢༠༡༢ ལོའི་ཟླ་ ༡༢ ཚེད་ ༡༠ ནས་མགོ་འཛུགས་ཀྱིས་ཁྱིམ་ཚང་གཉིས་ཀྱི་བོད་དོན་ཞུ་གཏུགས་ལས་འགུལ་ཞེས་འབོད་ཀྱིན་པ་དེར་ཉེ་བའི་ཆར་བཀྲ་བསྟན་ཚང་པ་སངས་ལགས་མཉམ་ཞུགས་ཐོག་ནང་མི་གསུམ་ཆགས་ཡོད་འདུག 

No comments:

Post a Comment